བོད་རིགས་ཚོགས་པའི་ཚོགས་མི།

ཀ༽ ས་གནས་བོད་རིགས་མི་མང་ཡོངས་རྫོགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་དང་པོ་དང་༼བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང༌། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་གཞུག་རྒྱུའི་ཐོབ་ཐང་ཡོད།༽ གསུམ་པ། ༼རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་གཞུག་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་ཞུགས་ཆོག༽ ཞེས་པའི་དགོངས་དོན་ལྟར། ཆ་རྐྱེན་ཚང་བ་དང་རང་ཉིད་ཞུགས་འདུན་ཡོད་རིགས་ཚང་མ་ཞུགས་ཆོག

ཁ༽ ས་གནས་བོད་རིགས་གཞོན་སྐྱེ་ལོ་ན་ ༡༨ ལོན་པ་དང་བོད་རིགས་ཚོགས་པའི་ཚོགས་མི་ངེས་པར་དུ་བཟོ་དགོས་པ་ཡིན།

ག༽ དེ་ལས་ལོ་ན་ཆུང་བ་བྱིས་པ་ཚུན་ཆད་རང་མོས་ཐོག་ཚོགས་དངུལ་ཕུལ་ན་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཚོགས་མིའི་ཐོབ་ཐང་།

གསལ་བཤད། གལ་འགངས་ཆེན་པོས་ཚོགས་མི་བཟོ་བཞིན་པ་ནི་ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་དཔལ་འབྱོར་འདུ་འགོད་ཁོ་ནའི་ཆེད་དུ་མ་ཡིན་པ། གཙོ་བོ་མི་མང་དང་ཚོགས་པའི་བར་མུ་མཐུད་ཁ་ཐག་ཉེ་པོ་ཡོང་ཐབས་དང་། བོད་མི་རྒན་གཞོན་སུ་འདྲ་ཞིག་ཡིན་ཡང་རང་འགན་རང་ཁུར་གྱིས་སོ་སོའི་སྤྱི་ཚོགས་ལ་སྤྱི་ཕན་རང་བཞིན་གྱི་བྱ་གཞག་བསྒྲུབ་རྒྱུ། ལུང་པ་འདིའི་ནང་གཏན་གཞིས་བྱེད་བཞིན་པའི་བོད་རིགས་མི་མང་རྣམས་མ་འོངས་པར་ས་གནས་གཞུང་དང་ཚོགས་པ་གང་གིས་ཀྱང་སྣང་མེད་མ་གཏང་བར་ཆེ་མཐོང་དང་ལྡན་པའི་སྒོ་ནས་དོ་སྣང་གནང་ཡུལ་ཞིག་ཡོང་ཐབས་བཅས་ཡིན།

ཀ༽བོད་རིགས་ཚོགས་པའི་ཚོགས་མི་ལ་ཐུགས་སྤྲོ་སོགས་བོད་རིགས་ཚོགས་པའི་འདུ་འཛོམ་ཡོངས་ལ་བརྒྱ་ཆ་ ༡༠ རེ་ཆག་ཡང་ཡོད།

ཁ༽ གཞུང་འབྲེལ་རྒྱབ་གཉེར་ཡིག་ཆ་ཞུ་མཁན་ཚོ་ཚོགས་མི་ཡིན་ན་རིན་མེད་དང་ཚོགས་མི་མ་ཡིན་ཚེ་ཡོ་སྒོར་ ༥༠ རེ་གནང་དགོས། སྐྱབས་བཅོལ་ཡིག་ཆ་མེད་པ་ལ་དམིགས་བསལ་ཡིན།

ག༽ ལོ་མང་རྗེས་ཚོགས་མི་བཟོ་དགོས་བྱུང་ཚེ་ ༢༠༡༩ ཟླ་ ༡༠ ནས་དུས་ཚོད་དེའི་བར་ཚོགས་དངུལ་ཆ་ཚང་འབུལ་དགོས། གསར་དུ་འབྱོར་བ་ཁག་ལ་དམིགས་བསལ་ཡིན།

ང༽ ཚོགས་མི་སུ་ཡིན་ཡང་ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་ལས་དོན་ཆེ་ཕྲ་ཚང་མའི་ཐོག་དགོངས་འཆར་དང་། སྐྱོན་བརྗོད་། འདྲི་བརྩད་བཅས་བྱ་རྒྱུའི་ཐོབ་ཐང་ཡོད།

ཅ༽ འོས་ཆོས་ཚང་བའི་ཚོགས་མི་སུ་འདྲ་ཞིག་ཡིན་ཡང་ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་རྒྱུན་ལས་ཀྱི་འོས་གཞིར་ཞུགས་ཆོག་པ་ཡིན།