ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་སྒྲིག་གཞི།


༄༅། །ས་གནས་ནེ་རྡར་ལན་ཌི་བོད་རིགས་ཚོགས་པ་གསར་འཛུགས་བྱེད་དགོས་པའི་དམིགས་ཡུལ་ནི། ནེ་རྡར་ལན་ཌི་གནས་སྡོད་བོད་མི་ཕན་ཚུན་འབྲེལ་འདྲིས་དང་མཐུན་ལམ། སྐྱིད་སྡུག་མཉམ་འཁུར་བྱེད་པའི་ཆེད་དུ་ཡིན་པར་མ་ཟད། ༧སྐྱབས་གནས་༧གོང་ས་ཡིད་བཞིན་ནོར་བུས་དབུ་ཁྲིད་དང་ལམ་སྟོན་འོག་ཡོད་པའི་རང་གཞུང་གི་མཛད་བྱུས་ཁག་ལ་ཤར་སྐྱོད་བྱ་རྒྱུ་དང་། བོད་མི་ནང་ཁུལ་ཆིག་སྒྲིལ་སྲ་གཏན་གོང་མཐོར་གཏོང་ཐབས་གཙོར་བཟུང་བྱ་རྒྱུའི་ཐོག་སྔོན་རབས་ལོ་རྒྱུས་དང་། ད་ལྟའི་གནས་བབ། མ་འོངས་ཕུགས་འདུན་གཅིག་པའི་བོད་མི་སྤྱི་ཡོངས་ཀྱི་མཚན་སྙན་ལ་ཕན་པའི་ལེགས་སྤེལ་ཉེས་འགོག་གི་ཞབས་འདེགས་བསྒྲུབ་ཐུབ་པའི་རེ་འདུན་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་མི་ཉམས་གོང་སྤེལ་དང་། ཉམས་པ་སོར་ཆུད་ཡོང་བའི་ཐབས་ལམ་དམིགས་སུ་བཟུང་སྟེ་འབྲེལ་ཡོད་ཚོགས་མི་རྣམས་ནས་ཀྱང་། གཤམ་གསལ་སྒྲིག་དོན་ཁག་འགལ་མེད་ཚུལ་མཐུན་ལག་བསྟར་བྱེད་དགོས་པ་མ་ཟད། རང་རིགས་བོད་མི་ཡོངས་ནས་ཀྱང་སྒྲིག་གཞིར་གསལ་བའི་ལས་དོན་རྣམས་ཚགས་ཚུད་འབྱུང་ཐབས་སུ་ཕྱར་གྲུ་མཉམ་འདེགས་དགོས་པའི་དོན་ཚན་ཁག་འདི་ལྟར།

ཀ༽ སྤྱི་ནོར༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་མཛད་པའི་བཙན་བྱོལ་གཞུང་གི་མཛད་བྱུས་ལམ་སྟོན་འོག་ཤར་སྐྱོད་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་མཐའ་དག་དོན་འཁྱོལ་ཡོང་བའི་དབུ་འོག་དཔུང་འདེགས་ཞུ་རྒྱུ།

ཁ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་གཞུང་གི་ཁྲིམས་ལུགས་དང་བཀའ་རྩ་། སྒྲིག་གཞི་ཁག་བཅས་ལ་མ་འགལ་པའི་ཐོག ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་སྒྲིག་གཞིར་བརྩི་བཀུར་དང་ལེན་ཞུ་དགོས།

ག༽ ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་ཁོངས་གཏོགས་རང་རིགས་བོད་མི་སུ་ཡིན་རུང་བོད་སྤྱིའི་མིང་ཆད་ཞབས་འདྲེན་ཞུ་མཁན་རིགས་མཐོང་ཐོས་བྱུང་མཚམས་སུ་ལམ་སྟོན་སློབ་གསོ་དང་། བཀའ་བཀོད་གང་ཐུབ་ཅི་ཡོང་ཞུ་དགོས།

ང༽ བོད་རིགས་ནང་ཁུལ་ཕན་ཚུན་མཐུན་སྒྲིལ་དང་། གཅིག་ཕན་གཅིག་རོགས་བྱ་ཐབས་གཙོར་བཟུང་གིས་མང་གཙོའི་ལམ་སྲོལ་སྲ་བརྟན་གོང་སྤེལ་གཏོང་ཐབས་དགོས་ཁར་ས་གནས་ཡུལ་ཁྲིམས་ལའང་སྲུང་བརྩི་ཚུལ་བཞིན་ཞུ་རྒྱུ་དང་། ཡུལ་མིའི་དབར་མཛའ་མཐུན་མཉམ་གནས་ཡོང་ཐབས་བྱ་རྒྱུ།

ཅ༽ ཚོགས་པའི་ཁོངས་གཏོགས་བོད་མི་སུ་ཞིག་ནད་མནར་ཚབས་ཆེ་བྱུང་ཚེ་ཡོ་སྒོར་༥༠ དང་། མི་ཤི་རྐྱེན་ཆག་གི་དཀའ་ངལ་འཕྲད་ཚེ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཡོ་སྒོར་ ༡༠༠ རེ་འབུལ་འཐུས་ལས། དེ་མིན་གཉེན་སྒྲིག་སོགས་དགའ་སྟོན་གྱི་རིགས་ལ་འབུལ་མི་དགོས།

ཆ༽ བོད་ཀྱི་གཞུང་འབྲེལ་དུས་ཆེན་ནམ་ཁེལ་ལ་སྔར་རྒྱུན་བཞིན་ཚོགས་པའི་གོ་སྒྲིག་འོག་དུས་སྟོན་སྲུང་བརྩི་ཞུ་བཞིན་པ། དཔེར་ན། བོད་ཀྱི་ལོ་གསར་དང་། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་སོགས་ལ་སྤྲོ་སྐྱིད་གོ་སྒྲིག་ཞུ་སྐབས་རང་རིགས་ས་གནས་བོད་མི་ཚང་མ་དགའ་དད་སྤྲོ་གསུམ་གྱིས་དུས་ཐོག་ལ་ངེས་པར་བཅར་དགོས་པ་ཡིན།

ཇ༽ བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་ངོ་རྒོལ་སྐད་འབོད་ཀྱིས་ལས་དོན་སྔར་ལས་ཚགས་ཚུད་གོ་སྒྲིག་ཞུ་རྒྱུ་དང་། དེ་མིན་བོད་དོན་ཐོག་ཛ་དྲག་གི་ལས་དོན་སྤེལ་དགོས་བྱུང་ཚེ་སྐབས་དུས་སོ་སོར་གནས་སྟངས་ལ་གཞིགས་པའི་ལས་དོན་གནད་སྨིན་གོ་སྒྲིག་ཞུ་དགོས་པ་ཡིན།

ཉ༽ ནེ་རྡར་ལན་ཌི་བོད་རིགས་མི་མང་གི་མངོན་འདོད་ལྟར་ས་གནས་བོད་རིགས་ཚོགས་པ་ཡོད་བཞིན་དུ་ཚོགས་པ་འདྲ་མིན་གསར་འཛུགས་གནང་མ་དགོས་པ་རང་སོར་གནས་ཐབས་དགོས་རྒྱུ། གལ་སྲིད་ཆོས་ལུགས་དང་ལུང་ཚན་བར་འཐེན་འཁྱེར་གྱི་ཚོགས་པ་གཞན་བྱུང་ཚེ། དེ་ལ་བོད་རིགས་ཚོགས་པ་དང་མི་མང་གིས་ངོས་ལེན་ནམ་ཡང་མེད།

ཏ༽ ༧གོང་ས་མཆོག་དང་རང་གཞུང་སོགས་ལ་ལུགས་མཐུན་གོ་ལྡོག་གིས་ངོ་རྒོལ་དང་། སྒྲོ་སྐུར་ཚད་མེད་བྱེད་མཁན་གྱི་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་ལམ་ནོར་ལྡོག་ཤེས་ཡོང་ཐབས་སུ་སྐབས་འཕྲལ་བཀའ་བཀོད་སློབ་གསོ་གནང་དགོས།

ཐ༽ གཞུང་དང་མི་མང་དབར་གྱི་ཟམ་པ་ལྟ་བུ་ཚོགས་པའི་རྒྱུན་ལས་རྣམས་ཆགས་ཡོད་སྟབས་རང་གཞུང་གོང་རིམ་ནས་བཀའ་རྒྱ་ཇི་ཕེབས་སྐབས་འཕྲལ་མི་མང་ལ་དུས་ཐོག་གསལ་བསྒྲགས་དགོས་རྒྱུ་དང་། མི་མང་ནས་བསམ་འཆར་རམ་དེ་མིན་བཀའ་འདྲི་ཞུ་དགོས་ཅི་མཆིས་སྐབས་སོ་སོར་འབྲེལ་ཡོད་ལས་ཁུངས་ཁག་ལ་རོགས་ཕན་ཡོང་བའི་འབོད་སྐུལ་སྙན་སེང་དུས་ཐོག་ཞུ་དགོས་རྒྱུ།

ད༽ དམིགས་བསལ་དགོས་གལ་རྣམས་ཕུད་དེ་མིན་གསལ་བསྒྲགས་དང་། ཡིག་འབྲེལ་སོགས་ཆ་ཚང་བོད་ཡིག་ཐོག་གནང་ཐབས་དགོས་པ་ཡིན།



བོད་རིགས་ཚོགས་པའི་རྒྱུན་ལས་

ཕྱི་ལོ་ ༢༠༠༥ ལོར་ཆོས་ལུགས་རིས་མེད་དང་ཆོལ་ཁ་དབྱེར་མེད་ཀྱི་བོད་མིའི་སྐྱིད་སྡུག་གསར་དུ་བཙུགས་པ་དང་སྐྱིད་སྡུག་གི་ལས་མི་བརྗེ་སྤོར་ཐེངས་གཉིས་བྱས་རྗེས། ༢༠༠༨ ལོར་མང་མོས་འོས་བསྡུའི་ལམ་ནས་ཚོགས་གཙོ་དང་ཚོགས་གཞོན་གྱིས་མཚོན་པའི་ཚོགས་མི་བདམས་ཐོན་གྱི་སྐྱིད་སྡུག་དེ་ཉིད་ཚོགས་པའི་ངོ་བོར་བསྒྱུར། དེ་ནས་བཟུང་སྐབས་དང་པོ་དང་གཉིས་པ་གཉིས་ལ་ལོ་གཉིས་རེ་དང་སྐབས་གསུམ་པ་ནས་ད་ལྟ་སྐབས་ལྔ་པའི་བར་དུ་ལོ་གསུམ་གྱི་ལས་ཡུན་ཚད་བཀག་ལྟར་འགྲོ་བཞིན་ཡོད།


རྒྱུན་ལས་ཀྱི་འོས་ཆོས།

ཀ༽ བོད་རིགས་ཡིན་པ་དང་རང་ལོ་བཅོ་བརྒྱད་ཧྲིལ་པོ་ལོན་པ།
ཁ༽ བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་ཆད་མེད་འབུལ་མཁན་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་མི་ཡིན་པ།
ག༽ བོད་རྒྱལ་ཁབ་དང་མི་རིགས། བོད་མིའི་རྩ་དོན་བཅས་པར་གནོད་གཞིའི་ལས་འགུལ་སྤེལ་མཁན་མ་ཡིན་པ་དང་། གནས་ཡུལ་རྒྱལ་ཁབ་ནང་ཉེས་དོན་ཁྲིམས་ཆད་ཆེ་རིགས་ཕོགས་པ་མ་ཡིན་པ་དགོས།
ང༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་གཞུང་གི་ཁྲིམས་ལུགས་དང་བཀའ་རྩ་། ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་སྒྲིག་གཞི་བཅས་ལ་བརྩི་བཀུར་དང་ལེན་ཞུ་དགོས། །


རྒྱུན་ལས་འོས་འདེམས།

ཀ༽ ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་རྒྱུན་ལས་འོས་འདེམས་ནི་ལས་ཡུན་ལོ་གསུམ་རེའི་རྗེས་ཏེ་བོད་ཀྱི་ལོ་གསར་དུས་སྟོན་སྐབས་སུ་ཡིན། སྐབས་དུས་སོ་སོའི་རྒྱུན་ལས་ཀྱི་གྲངས་ཚད་ ༨ ནས་ ༡༠ བར་ཡིན་དགོས།

ཁ༽ དངོས་གཞིའི་འོས་མི་གྲངས་ ༢༠ ལས་མ་ཉུང་བ་ཕྱེད་པར་དང་ལོ་རྒྱུས་མདོར་བསྡུས་བཅས་འོས་འདེམས་མ་རན་སྔོན་གྱི་གཟའ་འཁོར་གསུམ་སྔོན་ནས་མི་མང་ལ་གསལ་བསྒྲགས་འཐུས་ཚང་དགོས།

ག༽ དངོས་གཞིའི་འོས་མི་གསལ་བསྒྲགས་ཟིན་ནས་བདུན་ཕྲག་གཉིས་ནང་ཚུད་དོ་བདག་ནས་འོས་ཁོངས་སུ་ཞུགས་མིན་ཐག་གཅོད་བྱེད་དགོས།

ང༽ གནས་སྟངས་འདྲ་མིན་ལ་བརྟེན་ནས་རྒྱུན་ལས་གསུམ་ལས་མ་མང་བ་ཁ་སྣོན་བརྒྱག་དགོས་བྱུང་ཚེ་སླར་ཡང་འོས་བསྡུ་བྱེད་མི་དགོས་པ་ཨང་རིམ་བཞིན་བཀོད་དགོས།

ག༽ རྒྱུན་ལས་ཀྱི་རྩ་འབོར་བརྒྱ་ཆ་ ༦༠ དང་དེ་ལས་མང་བ་རྒྱུ་རྐྱེན་གང་རུང་གིས་རྒྱུན་ལས་ནང་གནས་མི་ཐུབ་པ་བྱུང་ཚེ་སྐབས་དེའི་རྒྱུན་ལས་རྩིས་མེད་ཐོག་སླར་ཡང་འོས་བསྡུའི་ལམ་ནས་རྒྱུན་ལས་གསར་པ་འོས་འདེམས་ཞུ་དགོས་པ་ཡིན།

ང༽ འོས་གྲངས་ཕྱོགས་བསྡོམ་སྐབས་གལ་ཆེའི་མི་སྣ་དང་རྒྱུན་ལས་ཟུར་པ། དགེ་རྒན་རྣམས་པ་བཅས་མི་གྲངས་ལྔ་ལས་མ་ཉུང་བ་ཟུར་དཔང་དུ་གདན་འདྲེན་ཞུ་དགོས།



རྒྱུན་ལས་རྣམ་པའི་སྒྲིག་གཞི།

ཀ༽ ཚོགས་པའི་རྒྱུན་ལས་བྱ་རྒྱུར་དངོས་གཞིའི་འོས་གཞི་ནང་འདེམས་ཐོན་བྱུང་བའི་གང་ཟག་དེས། བོད་པ་རང་རང་ལ་སྐབས་སུ་བབས་པའི་འགན་འཁྲི་ཅི་ཞིག་ཡོད་པ་དེ་གཡོལ་ཐབས་རྩ་བ་ནས་མེད་པ་དྲན་པར་བྱེད་ནས། དྲང་བདེན་དང་ལྷག་བསམ་ཟོལ་མེད་ཀྱིས་ངང་ཞབས་འདེགས་ངེས་པར་དུ་ཞུ་དགོས།

ཁ༽ ཡོ་རོབ་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་དགོངས་དོན་ལྟར་ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་རྒྱུན་ལས་རྣམས་ཀྱང་ལོ་གསུམ་རེའི་མཚམས་ནས་འཕོ་འགྱུར་བྱ་རྒྱུ། འོན་ཀྱང་། རྒྱུན་ལས་གང་ཞིག་བསྟུད་མར་ལས་རྒྱུན་གཉིས་ནང་ཕྱག་ལས་གནང་འགྲུབ་པ་ཡིན་ན། རྒྱུན་ལས་སྐབས་གསུམ་པར་ཉུང་མཐར་ཡང་ལས་རྒྱུན་གཅིག་རིང་བར་མཚམས་ངེས་པར་འཇོག་དགོས་པ་ཡིན། ཚོགས་གཙོའི་ལས་འགན་ཁུར་ཚར་རྗེས་གོང་འཁོད་བཞིན་ཡང་བསྐྱར་ཚོགས་གཙོ་དང་རྒྱུན་ལས་འོས་འདེམས་ཆོག་པ་ཡིན།

ག༽ བོད་རིགས་ཚོགས་པའི་ལས་ཐོག་རྒྱུན་ལས་གང་ཞིག་གིས་ཆོལ་ཁ་ཆོས་ལུགས་སོགས་ཕྱོགས་ཞེན་བྱས་པའི་བདེན་དཔང་ར་འཕྲོད་གསལ་པོ་བྱུང་ཚེ་རྒྱུན་ལས་དེས་བཟང་སྤྱོད་ཀྱི་ཐོག་ནས་རྩ་དགོངས་ཞུ་དགོས།

ང༽ ཆོས་ལུགས་དང་ལུང་ཚན་བར་འཐེན་འཁྱེར་གྱི་ཚོགས་པ་བྱུང་ཚེ་བོད་རིགས་ཚོགས་པའི་རྒྱུན་ལས་སུ་གང་དེར་འཛུལ་ཞུགས་ནམ་ཡང་བྱེད་མི་ཆོག་པ་མ་ཟད། བོད་རིགས་ཚོགས་པའི་ལས་ཤོག་དང་། ལས་དམ་སོགས་རང་སྣང་གང་དྲན་གྱིས་བཀོལ་སྤྱོད་གཏན་ནས་བྱེད་མི་ཆོག

ཅ༽ ཚོགས་གཙོ་དང་། དངུལ་གཉེར། རྩིས་པ་བཅས་མི་གསུམ་གྱི་མིང་ཐོག་ནས་དངུལ་བཅུག་བཏོན་ཆོག་པའི་མིང་ཐོ་བཀོད་དེ། ཚོགས་པའི་མིང་ཐོག་དངུལ་འབབ་ཇི་བྱུང་སྐབས་འཕྲལ་བཅུག་བཏོན་དགོས་པ་ལས་རང་དགར་སྣང་མེད་ཀྱིས་ནང་དུ་བདག་ཉར་བྱེད་མི་ཆོག


རྒྱུན་ལས་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན།

ཀ༽ འོས་བསྡུ་ཚར་རྗེས་བདུན་ཕྲག་གསུམ་གྱི་ནང་ཚུད་རྒྱུན་ལས་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་ངེས་པར་དུ་ཚར་བ་དགོས།

ཁ༽ བོད་རིགས་ཚོགས་པའི་སྤྱི་དངོས་གང་ཡོད་པ་ཆ་ཚང་ཐོ་གཞུང་ཁ་གསལ་དགོས་པ་དང་རྒྱུན་ལས་སྐབས་སྔོན་མས་གནང་བའི་སྤྱི་དངོས་ཀྱི་ཐོ་གཞུང་ཡང་ལྷན་དུ་རྒྱུན་ལས་ཚང་འཛོམས་ཐོག་གཉེར་པ་ལ་རྩིས་སྤྲོད་གནང་དགོས།

ག༽ ཚོགས་པའི་ཡིག་ཚགས་དང་འབྲེལ་བའི་ཅ་དངོས་ཇི་ཡོད་རྒྱུན་ལས་ཚང་འཛོམས་ཐོག་ཚོགས་གཙོ་དང་དྲུང་ཆེ་ལ་རྩིས་སྤྲོད་གནང་དགོས།

ང༽གོང་གི་རྩིས་སྤྲོད་རྩིས་ལེན་ཆ་ཚང་ཐོག་འབྲེལ་ཡོད་རྒྱུན་ལས་གསར་རྙིང་གཉིས་ཀས་མཚན་རྟགས་འགོད་དགོས་པ་ཡིན།



ཚོགས་འདུའི་འགྲོ་ལུགས་དང་གནད་དོན་ཐག་གཅོད།

ཀ༽ གནད་དོན་གང་ཞིག་ཐག་གཅོད་བྱེད་དགོས་ཚེ་རྒྱུན་ལས་ལྷན་དུ་ཚོགས་ཐོག་ནས་མང་མོས་ཐག་གཅོད་བྱ་དགོས་པ་ལས། རང་དགར་མི་རེ་གཉིས་ཁ་མཐུན་ནས་ཐག་གཅོད་བྱེད་མི་ཆོག འོན་ཀྱང་ཛ་དྲག་ཚོགས་འདུ་སྐོང་ཚོགས་དགོས་གལ་བྱུང་ཚེ། ཚོགས་གཙོ་དང་ཚོགས་གཞོན་གང་རུང་དབུ་བཞུགས་ཐོག་རྒྱུན་ལས་ངོ་ཡོད་རྣམས་གོ་བསྡུར་གྱིས་ཐག་གཅོད་ཇི་བྱུང་སྐབས་འཕྲལ་ཚོགས་བཅར་མ་ཐུབ་པའི་རྒྱུན་ལས་ཚོར་ཁ་པར་བརྒྱུད་འབྲེལ་བརྗོད་ཀྱིས་བསམ་ཚུལ་བསྡུ་ལེན་བྱེད་ཆོག་པ་ལས། ཚོགས་བཅར་བའི་གྲངས་འབོར་ལོན་མིན་ངང་སྒུག་བྱེད་མི་དགོས།

ཁ༽ དམིགས་བསལ་ཛ་དྲག་དང་། ཚོགས་ཐེངས་འཕར་མ་ཚོགས་དགོས་བྱུང་བ་རྣམས་ཕུད་དེ་མིན་རྒྱུན་ལས་རྣམས་སྔར་བཞིན་ཟླ་རེར་ཐེངས་རེར་འཚོགས་དགོས་པ་དང་། ཚོགས་འདུ་དྲྭ་རྒྱ་བརྒྱུད་ཚོགས་ན་ཡང་འགྲིག

ག༽ ཚོགས་འདུ་དང་ལས་བསྒོས་གནང་ཡུལ་གང་ལ་ཡང་རྒྱུན་ལས་སུ་རུང་ཛ་དྲག་གིས་རྐྱེན་པས་བཅར་མ་ཐུབ་ཚེ་ཚོགས་གཙོ་ཚོགས་གཞོན་གང་རུང་བརྒྱུད་དགོངས་པ་ངེས་པར་དུ་ཞུ་དགོས་པ་ཡིན།


རྩིས་ཁྲ་དང་ཚོགས་པའི་ཅ་དངོས།


ཀ༽ ལོ་རེ་བཞིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་ལོ་གསར། ཞི་བདེའི་གཟེངས་རྟགས་སོགས་ཀྱི་སྐབས་རྩིས་ཁྲ་ཁ་གསལ་བྱས་ནས་ཚོགས་གཙོ་དང་དྲུང་ཡིག་གཉེར་པ་སོགས་ཀྱིས་ཡིག་ཆ་བདག་ཉར་དགོས་པ་མ་ཟད། ལོ་མཐའ་མ་རྒྱུན་ལས་བརྗེ་པོ་རྒྱག་སྐབས་སྒྲོག་སྦྱང་དང་སྦྱར་འགྲེམས་དགོས་རྒྱུ།
ཁ༽ དམིགས་བསལ་རྩིས་རྙོག་བྱུང་ཚེ་དུས་ལྟར་གསལ་པོར་བཟོ་ནས་མང་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས། དུས་ཆེན་སོ་སོའི་སྐབས་བྱུང་སོང་རྩིས་ཁྲ་ཟུར་ཉར་གྱིས་སྐབས་དུས་སོ་སོར་རྩིས་རྒྱག་ཐུབ་པ་བྱས་ཏེ་དེའི་བྱུང་སོང་གི་བསྡོམས་འབོར་རྩིས་ཁྲ་ཨ་མའི་ནང་འགོད་རྒྱུ་ལས་དེ་མིན་གྱི་ཙག་ཙིག་རིགས་འགོད་མ་དགོས་པར་སྐབས་དུས་སོ་སོར་རྒྱུན་ལས་འཛོམས་སར་རྩིས་ཁྲ་གཙང་བཟོ་དགོས་པ་ཡིན།
ག༽ ཚོགས་པའི་ལས་དོན་ཆེད་རྒྱུན་ལས་སོ་སོའི་འགྲོ་གྲོན་ཁ་གསལ་ཡོད་པ་རྣམས་ཚོགས་པའི་ཙག་ཙིག་རྩིས་ཁྲའི་ནང་དུ་འཐིམ་པ་གནང་དགོས།
ང༽ ཚོགས་པའི་མིང་ཐོག་ཅ་དངོས་གང་ཡོད་པ་དེ་དེབ་ནང་ངེས་པར་དུ་འགོད་དགོས་པ་དང་། དེ་མིན་ཚུར་བྱུང་། ཕར་སོང་བཅས་ཀྱི་རྩིས་ཁྲ་བདག་ཉར་གྱིས་ལས་དུས་ལོ་གསུམ་རེ་ཚང་མཚམས་སུ་རྒྱུན་ལས་གསར་པར་རྩིས་འབུལ་ཞུས་ཏེ། རྒྱུན་ལས་གསར་རྙིང་གཉིས་དབར་རྩིས་སྤྲོད་རྩིས་ལེན་བྱུང་བའི་ལུགས་མཐུན་གྱི་མཚན་རྟགས་འགོད་དགོས་པ་ཡིན།


སྤྱི་དོན་གྱི་ཆེད་དུ་འགྲོ་གྲོན།

ཀ༽ ཚོགས་པའི་ཆེད་དུ་རྒྱུན་ལས་སོ་སོའི་འགྲོ་གྲོན་ཆ་ཚང་ཁ་གསལ་ཡོད་པའི་ཐོག་ཟླ་བ་གསུམ་རེའི་མཚམས་སུ་རྒྱུན་ལས་ཚོགས་འདུའི་སྐབས་རྩིས་འབུལ་ཞུ་དགོས།

ཁ༽ ཚོགས་འདུ་དང་ལས་དོན་ཆེད་ལམ་གྲོན་གཙོས། དུས་ཚོད་ལ་དཔག་པའི་ཟས་སོང་ཆེད་མི་རེ་ལ་ཉིན་རེར་ཡོ་སྒོར་ ༢༥ ལས་མ་རྒལ་བ་གཏོང་ཆོག་པ་ཡིན། དུས་ཆེན་ཁག་གཙོས་པའི་ལས་དོན་ཆེ་ཁག་དང་གཞུང་འབྲེལ་མི་སྣ་ཕེབས་སྐབས་དམིགས་བསལ་ཡིན།

ག༽ ཚོགས་པའི་ལས་དོན་ཆེད་སྒེར་གྱི་རླངས་འཁོར་བཏང་དགོས་བྱུང་ཚེ་སྤྱི་ལེ་མང་ཉུང་ལ་དཔག་པའི་ཚོགས་གཙོ་དང་དངུལ་གཉེར་གཉིས་ཀྱིས་གཏན་འབེབས་གནང་དགོས། གཞན་ཡང་གལ་འགངས་ཆེན་པོའི་གློག་འཕྲིན་དང་ཁ་པར་སོགས་ཀྱི་དོད་དུ་སྤྱི་དངུལ་ནས་གཏོང་དགོས་བྱུང་ཚེ་གཏང་ཆོག་པ་ཡིན།


རྒྱུན་ལས་རྣམས་པའི་འོས་འགན།

ཀ༽ ཚོགས་གཙོ། བོད་རིགས་ཚོགས་པའི་ཚོགས་འདུ་ཆེ་ཆུང་ཚང་མ་བསྡུ་སྐོང་གིས་གཙོ་སྐྱོང་གནང་རྒྱུ་དང་། རྒྱུན་ལས་ཀྱི་ཚོགས་འདུ་ཁག་གི་བརྗོད་གཞི་གཏན་འབེབ་སོགས་ལས་དོན་ཁག་གི་གཙོ་འགན་བཞེས་རྒྱུ། ཚོགས་པའི་ཡིག་ཆ་ཁག་དང་སྤྱི་དངུལ་བཅོལ་འདོན་གཏོང་ལེན་བཅས་ལ་ཆོག་མཆན་མཚན་རྟགས་འགོད་རྒྱུ་མ་ཟད། ཚོགས་པའི་སྤྱི་ཡོངས་ཀྱི་ལས་དོན་ཚང་མའི་སྣེ་འཁྲིད་དང་སྟངས་འཛིན་བྱ་རྒྱུ་སོགས་ཀྱི་འགན་དབང་ཡོད།

ཁ༽ ཚོགས་གཞོན། ཚོགས་གཙོ་མཚན་གནས་རྗེས་འབྲེལ་གྱི་ལས་འགན་མཐའ་དག་ལ་ཕྱར་གྲུ་མཉམ་འདེགས་དགོས་རྒྱུ་དང་། ཚོགས་གཙོ་ས་གནས་སུ་མ་བཞུགས་པའི་སྐབས་སུ་ཚོགས་གཙོའི་འོས་འགན་དབང་ཆ་ཚང་མ་བཞེས་རྒྱུ།

ག༽ དྲུང་ཆེ། ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་འོག་ཚོགས་འདུ་ཁག་དང་ ཐུགས་སྤྲོ་སོགས་ཀྱི་མཛད་རིམ་གོ་སྒྲིག་དགོས་རྒྱུའི་ཐོག་ཚོགས་འདུ་ཆེ་ཆུང་ཚང་མའི་ཚིག་ཐོ་འགོད་རྒྱུ་དང་། ཚོགས་འདུ་ནམ་ཚོགས་ལ་ཚོགས་བཅར་བའི་མཚན་གཞུང་ཐོ་འགོད་དགོས་རྒྱུ། གྲོས་གཞི་གྲོས་ཆོད། ཚོགས་པའི་ལས་བསྡོམས་བཟོ་འགོད་སོགས་དགོས་པ་ཡིན།

ང༽ རིག་གཞུང་འགན་འཛིན། ཚོགས་གཙོ་སྦྲེལ་པོས་ལམ་སྟོན་དང་། རྒྱུན་ལས་བྱིངས་ཀྱིས་མཁྱེན་རྟོགས་ཡོད་པའི་འོག་བོད་རིགས་ཚོགས་པའི་རིག་གཞུང་འཁྲབ་སྟོན་དང་རུ་ཁག་གི་ཐུགས་འགན་ཡོངས་རྫོགས་བཞེས་རྒྱུ།

ཅ༽ རྩིས་པ། ཚོགས་པའི་ལོ་རེའི་བྱུང་སོང་ལྷག་གསུམ་གྱི་རྩིས་ཁྲ་བཟོ་འགོད་ཀྱིས་ཚུལ་མཐུན་ཉར་ཚགས་དང་། སྤྱི་དངུལ་བཅོལ་འདོན་སྐབས་དངུལ་གཉེར་དང་ལྷན་དུ་བཅར་ཏེ་མདོ་དོན་དངུལ་རྩིས་དང་འབྲེལ་བའི་ལས་དོན་མཐའ་དག་འཐུས་ཤོར་མེད་པར་ཚགས་ཚུད་འབྱུང་ཐབས་དགོས་པ་ཡིན།

ཆ༽ དངུལ་གཉེར། ཚོགས་གཙོས་བཀའ་འཁྲོལ་བརྒྱུད་སྤྱི་དངུལ་ཇི་ཡོད་སྒྲིག་མཐུན་བདག་ཉར་དང་། སྤྲོད་ལེན་གྱི་འགན་དབང་ཡོངས་རྫོགས་སོགས་ཀྱི་ལས་དོན་མཐའ་དག་འཐུས་ཤོར་མེད་པ་དགོས་པ་ཡིན།

ཇ༽ འབྲེལ་མཐུད་པ། ས་གནས་གཞུང་གཙོས་པའི་ཚོགས་སྡེ་ཁག་དང་མི་སྣ་ཁག དེ་བཞིན་དམིགས་བསལ་ཆབ་སྲིད་ཀྱི་ལས་འགུལ་སྐབས་སུ་འབྲེལ་བ་གནང་ཡུལ་ཁག་ལ་དུས་ཐོག་འབྲེལ་བ་གནང་དགོས།


རྒྱུན་ལས་ཀྱི་གལ་ཆེའི་འཆར་ཅན་ལས་འགུལ་ཁག

ཀ༽ བོད་མིའི་རང་དབང་སྒེར་ལངས་ཏེ་སྤྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྔར་ལས་རྒྱ་ཆེ་བ་དང་ཚགས་ཚུད་ངེས་པར་དུ་གོ་སྒྲིག་ཞུ་དགོས།

ཁ༽ དེ་མིན་སྐབས་དུས་ཛ་དྲག་གི་ལས་འགུལ་དང་ཆབ་སྲིད་ཀྱི་ལས་དོན་མཐའ་དག་གནད་སྨིན་དང་དུས་ཐོག་གོ་སྒྲིག་གནང་དགོས།

ག༽ བོད་ཀྱི་ལོ་གསར་དང་། མང་གཙོའི་དུས་ཆེན། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར། ནོ་བྷེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་བཅས་པར་མཛད་སྒོ་དང་འབྲེལ་བའི་ཐུགས་སྤྲོ་གོ་སྒྲིག་ཞུ་དགོས་པ་ཡིན།

ང༽ ལོ་རེའི་ས་ག་ཟླ་བའི་ཚེས་ ༡༥ དང་དེ་མིན་ས་གནས་སུ་མི་ཤི་རྐྱེན་ ཆགས་བྱུང་སྐབས་མི་མང་བསྡུ་སྐོང་ཐོག མཆོད་འབུལ་སྨོན་ལམ་རྒྱ་གང་ཆེ་གོ་སྒྲིག་ཞུ་དགོས།


ཚོགས་པས་རྒྱབ་གཉེར་སྤྲོད་ཕྱོགས།

ཀ༽ ནེ་རྡར་ལན་ཌི་བོད་རིགས་ཚོགས་པའི་ལས་ཤོག་ཐོག་ས་གནས་མི་མང་སུ་འདྲ་ཞིག་ལ་ངོ་སྤྲོད་རྒྱབ་གཉེར་ག་འདྲ་ཞིག་གནང་དགོས་བྱུང་ཚེ། ཚོགས་པའི་ཚོགས་མི་ཡིན་ན་རིན་མེད་དང་། ཚོགས་མི་མིན་ན་ཡོ་སྒོར་ ༥༠ རེ་འབུལ་དགོས། ཚོགས་པའི་ངོ་སྤྲོད་ལག་འཁྱེར་གཞིར་བཞག་བྱེད་ནས་གནང་རྒྱུ་ཡིན། གསར་པ་དང་ཡིག་ཆ་མེད་མཁན་ལ་དམིགས་བསལ་ཡིན།

ཁ༽ ངོ་སྤྲོད་རྒྱབ་གཉེར་གནང་ཡུལ་གྱི་གནས་སྟངས་དངོས་ཡོད་ཡིན་པ་ར་ཕྲོད་བྱུང་ཚེ་བདེན་དཔང་ཡིག་ཆ་བོད་རིགས་ཚོགས་པས་ངེས་པར་དུ་ཉར་དགོས།

ག༽ ངོ་སྤྲོད་རྒྱབ་གཉེར་ག་འདྲ་ཞིག་གནང་དགོས་བྱུང་ཚེ་ཉུང་མཐར་རྒྱུན་ ལས་ལྔ་ཡིས་ངེས་པར་དུ་གོ་བསྡུར་གནང་དགོས་པ་ལས་རྒྱུན་ལས་གཅིག་གཉིས་ཀྱི་རང་སྣང་གང་ཤར་གྱིས་ཐག་གཅོད་བྱེད་མི་ཆོག

ང༽ ཚོགས་པ་ལ་མིང་ཆད་ངན་པ་དང་གནོད་གཞི་འབྱུང་ཉེན་རིགས་ཀྱི་ངོ་སྤྲོད་དང་རྒྱབ་གཉེར་ཡིག་ཆ་སུ་གང་ལ་གནང་མི་ཆོག